རྟ་ལོག་རྒེད་འོག

རྟ་ལོག་རྒེད་འོག་འདི་ ས་ཆ་ཁྱབ་ཚད་ཀྱི་སབ་ཁྲ་ལས་འགུལ་ ༢༠༡༠ ཅན་མ་དང་འཁྲིལ་ ས་ཆའི་རྒྱ་ཚད་ཀི་ལོ་མི་ཊར་གྲུ་བཞི་ ༢༥.༥༡ དང་ རྒྱ་མཚོའི་ཚད་ལས་མཐོ་ཚད་མི་ཊར་ ༡༣༠༠ ལས་ ༡༥༠༠ གི་བར་ན་ཡོདཔ་ཨིན། རྒེད་འོག་འདི་ནང་ ཁྱིམ་གུང་ ༣༦༨ དང་ མི་རློབས་བསྡོམས་ ༡༥༩༤ ཡོད། རྒེད་འོག་འདི་ནང་སྤྱི་འོག་ལྔ་དང་ཚོགས་པ་ལྔ་ཡོད།

རྟ་ལོག་རྒེད་འོག་འདི་ སྤུ་ན་ཁ་རྫོང་ཁག་གི་རྒེད་འོག་ཆུང་ཤོས་ཅིག་ཨིན། རྒེད་འོག་འདི་ བྱང་ཤར་ཁ་ཐུག་ལས་གུ་མ་རྒེད་འོག་དང་། ལྷོ་ནུབ་ཁ་ཐུག་ལས་ ཐིམ་ཕུག་རྫོང་ཁག་གི་ས་མཚམས་དང་སྦྱེལ་ཏེ་ཡོདཔ་ཨིན། ས་ཆ་བརྒྱ་ཆ་ ༤༥ དེ་ཅིག་ ཤིང་འདབ་ལེབ་སྦོམ་པའི་ནགས་ཚལ་དང་། བརྒྱ་ཆ་ ༣༥ དེ་ཅིག་ ཀོང་ཤིང་གི་ནགས་ཚལ། བརྒྱ་ཆ་ ༡༥ ཟ་སྤྱོད་འབད་བཏུབ་པའི་ས་ཆ། གཞན་མི་ཚུ་ ཚལ་མ་དང་རང་བཞིན་གྱི་རྩྭ་འབྲོག་གིས་ཁྱབ་སྟེ་ཡོད། རྒེད་འོག་འདི་ནང་ ས་ཆ་ཨེ་ཀར་ ༥.༠༥ དེ་ཅིག་ ས་ཁ་དམའ་སར་སྐྱེ་མི་ འདབ་མ་བུད་མ་འགྱོ་བའི་རྩྭ་འབྲོག་གི་རིགས་དང་། གཞན་རྩི་ཤིང་དང་ ནག་གི་རིགས་ཚུ་ཡང་ཡོདཔ་ཨིན།

 

རྟ་ལོག་དང་ནོརབུ་སྒང་གི་གཡུས་ཚན་ཚུ་ནང་ སྣུམ་འཁོར་ལམ་གྱིས་མཐུད་འབྲེལ་འབད་དེ་ཡོདཔ་དང་། ཁྱིམ་གུང་མང་ཤོས་ཅིག་ར་ གློག་མེ་གིས་མཐུད་འབྲེལ་འབད་དེ་ཡོད། རྒེད་འོག་དེ་ནང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ་གཅིག་དང། གཞི་རྟེན་གསོ་བའི་སྨན་ཁང་གཅིག། གྲོང་གསེབ་སྨན་ཁང་གཅིག། སློབ་གྲྭ་ཆུང་བ་གཉིས། གཞི་རྟེན་ཤེས་ཡོན་ལྟེ་བ་ ༢། སྤྱི་དོན་ཁང་གཅིག། མི་སྡེའི་ལྟེ་བ་གཅིག་ཡོདཔ་དང། ཁྱིམ་གུང་བརྒྱ་ཆ་ ༩༨ དེ་ཅིག་ལུ་ འཐུང་ཆུ་གཙང་ཏོག་ཏོ་སྦེ་ཐོབ་སྟེ་ཡོདཔ་ཨིན། རྒེད་འོག་འདི་ནང་ ལྷ་ཁང་བརྒྱད་ཡོད།