གླིང་མུ་ཁ།

གླིང་མུ་ཁ་རྒེད་འོག་འདི་ ས་ཆ་ཁྱབ་ཚད་ཀྱི་སབ་ཁྲ་ལས་འགུལ་ ༢༠༡༠ ཅན་མ་དང་འཁྲིལ་ རྒྱ་ཚད་ཀི་ལོ་མི་ཊར་གྲུ་བཞི་ ༣༣.༨ དང་ རྒྱ་མཚོའི་མཐའ་མ་ལས་མཐོ་ཚད་མི་ཊར་ ༡༢༠༠ ལས༣༠༠༠ གི་བར་ན་ཡོདཔ་ཨིན། རྒེད་འོག་འདི་ནང་ ཁྱིམ་གུང་ ༡༢༤ དང་ ད་ལྟོ་མི་རློབས་ ༥༩༧ ཡོད། རྒེད་འོག་འདི་ནང་ སྤྱི་འོག་ལྔ་དང་ཚོགས་པ་ལྔ་ཡོད། རྒེད་འོག་འདི་ ཤལ་ལྔ་རྒེད་འོག་དང་དབང་འདུས་ཕོ་བྲང་རྫོང་ཁག་གི་བར་ན་ཆགས་སྟེ་ཡོད། 

རྒེད་འོག་འདི་ནང་ལོ་བསྟར་ཆརཔ་གི་ཚད་གཞི་ མི་ལུ་མི་ཊར་ ༥༠༠ ལས ༡༥༠༠ བར་ན་རྐྱབ་དོ་ཡོདཔ་དང་ དྲོད་ཤུགས་ཀྱི་ཚད་གཞི་ ༥ °C ལས་ ༣༠ °C ཚུན་ཡོདཔ་ཨིན། རྒེད་འོག་འདི་ནང་ ས་ཆ་བརྒྱ་ཆ་ ༧༠ ནགས་ཚལ་གྱི་ཁྱབ་སྟེ་ཡོད། རྒེད་འོག་གི་སྟོད་ཁ་ཐུག་ལུ་ ནགས་ཚལ་རྒྱ་ཆེཝ་སྦེ་ཡོདཔ་ལས་ མེ་སེར་ཚུ་གིས་ ནགས་ཚལ་གྱི་ཐོན་སྐྱེད་ཚུ་ འཇམ་ཏོག་ཏོ་སྦེ་འཐོབ་ཚུགསཔ་ཨིན།

 

རྒེད་འོག་འདི་ནང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ་གཅིག་དང་ གཞི་རྟེན་གསོ་བའི་སྨན་ཁང་གཅིག། སློབ་གྲྭ་ཆུང་བ་གཅིག། གཞི་རྟེན་ཤེས་ཡོན་ལྟེ་བ་གཅིག། སྤྱི་དོན་ཁང་གཅིག། མི་སྡེ་ལྟེ་བ་གཅིག་ཡོད། ཁྱིམ་གུང་བརྒྱ་ཆ་ ༩༩ ལུ་ ཉེན་སྲུང་ཅན་གྱི་འཐུང་ཆུ་བཏོན་ཡོདཔ་དང། ནབ་ཕྱེ་ཕུན་སུམ་གོང་འཕེལ་ཚོགས་པ་འདི་ སྒོ་ནོར་ཐོན་སྐྱེད་དང་ ཡར་དྲག་ལས་རིམ་གྱི་དོན་ལུ་གཞི་བཙུགས་འབད་དེ་ཡོད།

 

རྒེད་འོག་འདི་ བྱཱ་དང་ཀར། པད་ཀར།་ གེ་ཟ། དེ་ལས་ཚོད་བསྲེ་ཚུ་གི་ཐོན་ཤུགས་སྦོམ་ཡོད་པའི་ཁར་ འཁོར་ལམ་དང་གློག་མེ་གི་མཐུན་རྐྱེན་ཚུ་ཡང་ཡོད། རྒེད་འོག་འདི་ནང་ ལྷ་ཁང་བཞི་ཡོད།