གུ་མ་རྒེད་འོག

གུ་མ་རྒེད་འོག་འདི་ ས་ཆ་ཁྱབ་ཚད་ཀྱི་སབ་ཁྲ་ལས་འགུལ་ ༢༠༡༠ ཅན་མ་དང་འཁྲིལ་ ས་ཆའི་རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་ ༣༧ ཡོདཔ་དང་ རྒྱ་མཚོའི་མཐའ་མ་ལས་མཐོ་ཚད་མི་ཊར་ ༡༢༠༠ ལས་ ༢༢༠༠ གྱི་བར་ན་ཡོདཔ་ཨིན། འདི་ནང་ ཁྱིམ་གུང་ ༨༡༦ དང་ ད་ལྟོ་མི་རློབས་ ༤༢༨༨ ཡོད། རྒེད་འོག་འདི་ནང་སྤྱི་འོག་ལྔ་དང་ཚོགས་པ་ལྔ་ཡོད། རྒེད་འོག་འདི་ ཁུ་རུ་ཐང་ཁྲོམ་དང་ སྤུ་ན་ཁ་རྫོང་གི་ཉེ་འདབས་ལུ་འབདཝ་ལས་ ཁྱིམ་གུང་དང་མི་རློབས་ཚུ་སྟུག་དྲགས་འཚམས་ཅིག་སྦེ་ཡོད། རྒེད་འོག་འདི་ ས་ཁ་དམའ་སའི་ས་ཁོངས་ནང་ཚུདཔ་ཨིན། ས་ཁ་དམའ་ས་ལུ་ ཐད་སྟོང་ཡོད་པའི་ནགས་ཚལ་དང་ ས་ཁ་མཐོ་ས་ལུ་ འདབ་མ་སྦོམ་ཡོད་པའི་ཤིང་སྣ་གི་ནགས་ཚལ་ཡོདཔ་ཨིན། གནམ་བྱཱར་ལུ་གནམ་གཤིས་ཚ་དྲགས་སྦེ་ དྲོད་ཤུགས་ ༣༢ °C དེ་ཅིག་དང་། གནམ་དགུན་ལུ་ དྲོད་ཤུགས་དམའ་ཤོས་ ༡༢ °C དང་ མཐོ་ཤོས་ ༡༩ °Cལུ་ལྷོདཔ་ཨིན། ས་གཞི་ཚུ་ སྐམ་ཀྲོག་ཀྲོ་ཐལ་བའི་ཁར་ དྲོ་པ་འཕྲལ་འཕྲལ་ར་ རླུང་མ་འཕུ་སྟེ་ བ་མོ་ཆགསཔ་ཨིན།

རྒེད་འོག་འདི་ནང་ འབྲུ་སྣ་དགུའི་ལོ་ཐོག་ཆ་མཉམ་བཙུགསཔ་ཨིན་རུང་ བྱཱ་ལཱ་འདི་ལུ་གཙོ་བོ་བཏོནམ་ཨིན། ཚོད་བསྲེ་དང་ཤིང་འབྲས་ཀྱི་རིགས་ཚུ་ཡང་བཙུགས་པའི་ཁར་ ལྷག་ལུས་ཡོད་མི་ཚུ་ ཚོང་འབྲེལ་ཡང་འཐབ་ཨིན། རྒེད་འོག་གི་མི་སེར་ཚུ་གིས་རིགས་ལེགས་པའི་བ་ནོར་གསོ་སྐྱོང༌ བྱ་གསོ་སྐྱོང་དང་ཕགཔ་གསོ་སྐྱོང་ཚུ་ཡང་འབདཝ་ཨིན། གུ་མ་རྒེད་འོག་གི་མི་སེར་ཚུ་གིས་ ནང་འཁོད་ཀྱི་སེམས་ཅན་དང་རིགས་བསྲེ་འབད་མིའི་སེམས་ཅན་ ཇར་སི་དང་བ་མེན། བྱ་དང་ཕགཔལ་སོགས་པ་ གསོ་དོ་ཡོདཔ་ཨིན། རྫོང་ཁག་སྒོ་ནོར་འཕྲོད་བསྟེན་གྱི་སྨན་ཁང་དང་ ཁུ་རུ་ཐང་ཁྲོམ་ཡང་ རྒེད་འོག་འདི་ནང་ཚུདཔ་ལས་ ཁོང་རའི་ཐོན་སྐྱེད་ཚུ་ ཚོང་སྒྱུར་འཐབ་ནི་ལུ་ཕན་ཐོགམ་སྦོམ་ཡོདཔ་ཨིན།

གུ་མ་རྒེད་འོག་འདི་ནང་ གཞི་རྟེན་མཐུན་རྐྱེན་དང་ཞབས་ཏོག་ཚུ་ཡོདཔ་ཨིན། འདི་ནང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་མ་གཅིག་དང་ སྨན་ཁང་གཅིག། གྲོང་གསེབ་སྨན་ཁང་གཅིག། རྒྱ་སྐྱེད་སློབ་ཁང་གཅིག། སློབ་གྲྭ་ཆུང་བ་གཉིས། འབྲིང་རིམ་སློབ་གྲྭ་བར་མ་གཅིག། སློབ་གྲྭ་ཆེ་བ་གཅིག། སྒེར་གྱི་སློབ་གྲྭ་གཅིག། གཞི་རྟེན་ཤེས་ཡོན་ལྟེ་བ་གསུམ། སྤྱི་དོན་ཁང་གཅིག། མི་སྡེ་ལྟེ་བ་གཅིག་ཡོདཔ་ཨིན། སྤྱི་འོག་གེ་རའི་ནང་ སྣུམ་འཁོར་ལམ་དང་ ཉེན་སྲུང་ཅན་གྱི་འཐུང་ཆུ་བཏོན་ཏེ་ཡོད། བཤད་གྲྭ་དང་སློབ་གྲྭ་བརྩིས་ཏེ་ ལྷ་ཁང་༡༥ཡོད།