རྫོང་ཁག་གི་སྐོར།

འཆར་སྣང་ - གཞུང་སྐྱོང་ལེགས་ལྡན་དང་ལམ་སྲོལ་ཕྱུགཔོ། དེ་ལས་ རང་བཞིན་གནས་སྟངས་ཉམས་པ་མེད་པའི་སྒོ་ལས་ ཞི་བདེ་དང་རང་མགོ་རང་འདྲོང་གི་མི་སྡེ། 

དམིགས་དོན -  རྫོང་ཁག་གི་མི་སེར་ཚུ་གི་དགོས་མཁོ་དང་རེ་འདོད་ཚུ་བསྒྲུབ་ཐབས་ལུ་ སྤུས་ཚད་ཅན་གྱི་ཞབས་ཏོག་ཚུ་ མི་སྡེ་དཔལ་འབྱོར་གོང་འཕེལ་ཆ་སྙོམས་པའི་སྒོ་ལས་ ལྷག་བསམ་རྣམ་དག་གི་ཁྱད་རིགཔ་ཚུ་བརྒྱུད་དེ་ འཕྲལ་མགྱོགས་སྦེ་བྱིན་ནི།

<

AdministrativeMap
སྤུ་ན་ཁ་རྫོང་ཁག་གི་བདག་སྐྱོང་སབ་ཁྲ།

 

སྤུ་ན་ཁ་རྫོང་ཁག་འདི་འབྲུག་རྒྱལ་ཁབ་ཀྱི་ནུབ་ཕྱོགས་ལུ་ཆགས་ཏེ་ཡོད། དེ་ཡང་ བྱང་ཕྱོགས་ལུ་མགར་ས་དང་། ནུབ་ཕྱོགས་ལུ་ཐིམ་ཕུག། ཤར་དང་ལྷོ་ཕྱོགས་ལུ་དབང་འདུས་ཕོ་བྲང་རྫོང་ཁག་ཚུ་གིས་བསྐོར་ཏེ་ཡོད། རྫོང་ཁག་འདི་ རྒྱ་མཚོའི་མཐའ་མ་ལས་ མཐོ་ཚད་མི་ཊར་ ༡༡༠༠ ལས་ ༢༥༠༠ གི་བར་ན་ཆགས་ཏེ་ཡོད། སྤྱི་ལོ་ ༡༩༩༥ ཚུན་ཚོད་ སྤུ་ན་ཁ་འདི་་ འབྲུག་གི་གནམ་དགུན་གྱི་རྒྱལ་ས་ལྟེ་བ་ཅིག་སྦེ་ཨིནམ་དང་། ད་རེས་ སྤུངས་ཐིམ་གྲྭ་ཚང་གི་གནམ་དགུན་གྱི་བཞུགས་གནས་ཅིག་ཨིན།

རྗོང་ཁག་འདི་ བདག་སྐྱོང་གི་དོན་ལུ་ རྒེད་འོག་བཅུ་གཅིག་ལུ་བགོ་སྟེ་ཡོད། དེ་ཡང་ བརཔ་དང་ཆུ་སྦུག། འཛོམས་མི། དགོན་ཤར་རི། གུ་མ། དཀར་སྦི་ས། གླིང་མུ་ཁ། ཤེལ་རྔ་ན། རྟ་ལོག། སྟོད་པའི་ས། སྟོད་ཝང་ཚུ་ཨིན།

སྤུ་ན་རྫོང་ཁག་འདི་ བསིལ་དྲོད་རན་ཏོག་ཏོ་ཡོདཔ་ལས་ ཆུམ་དང་ཚོད་བསྲེ། ཤིང་འབྲས་ཚུ་ཡོངས་གྲགས་སྦེ་འཐོན་ས་ཅིག་ཨིན། རྫོང་ཁག་འདི་ནང་ ལོ་ཐོག་ཆ་མཉམ་ར་ དུམ་གྲ་རེ་འཚོཝ་ཨིན་རུང་ དངུལ་ཐོག་གཙོ་བོ་ བྱཱ་དང་ཀར། གེ་ཟ། པད་ཀར་ཚུ་ཨིན། རྫོང་ཁག་འདི་ནང་ ཤིང་འབྲས་ཚུ་གི་སླ་ལས་ ཤིང་འབྲས་སྐྱུརཔོ་གི་རིགས་ཚུ་འཚོཝ་ཨིན་རུང་ ཤིང་འབྲས་གཞན་ ཨན་འབྲས་དང་བལཔ་སེའུ། ཁམ་བུ། ཅུ་གླི། གླི། གུ་ལི། མངར་རི་ཁམ་ཚུ་ཡང་འཚོཝ་ཨིན། ཚོད་བསྲེ་གི་རིགས་ ཨེ་མ་དང་ལ་ཕུག། ཀོ་པི། དོ་ལོམ། ཧོན་ཚོད། བླམ་བན་ད་ཚུ་ཡང་བཙུགསཔ་ཨིན།

རྫོང་ཁག་འདི་ ལྟ་བཤལ་གྱི་ས་གནས་ཡོངས་གྲགས་ཅན་ཅིག་ཡང་ཨིན། སྤུ་ན་ཁ་རྫོང་འདི་ རྟ་ལོག་རྫོང་དང་ཁྱི་མེད་ལྷ་ཁང་། ཁམས་གསུམ་གཡུ་ལེགས་རྣམ་རྒྱལ་མཆོད་རྟེན། ཀོ་མ་ཚ་ཆུ་དང་ཆུ་སྦུ་ཚ་ཆུ་ཚུ་དང་ཕྱདཔ་ད་ ལྟ་བཤལ་གྱི་ས་གོ་གཙོ་བོ་ཅིག་ཨིན།

སོ་ནམ་ཞིང་ལམ་བཟོ་སྐྲུན་འབད་མི་འདི་གིས་ རྒེད་འོག་ལྟེ་བ་ཆ་མཉམ་མ་ཚད་ གཡུས་སྒོ་སྦོམ་ཤོས་ཚུ་ཡང་ མཐུད་སྦྲེལ་འབད་དེ་ཡོད། སོ་ནམ་ཞིང་ལམ་འདི་གིས་ མི་སེར་བརྒྱ་ཆ་ ༩༨ ལྷགཔ་ཅིག་ སྣུམ་འཁོར་ལམ་ཁ་ལས་ རྐང་སྟོང་གི་དུས་ཡུན་ ཆུ་ཚོད་གཅིག་མ་ལངམ་ཅིག་ལུ་ མར་ཕབ་སོང་ཡོདཔ་ཨིན། ཞབས་ཏོག་ཚུ་ འདི་འཕྲོ་ལས་བྱིན་ཚུགས་ནི་གི་དོན་ལུ་ རྒེད་འོག་ག་རའི་ནང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ་དང་ གཞི་རྟེན་གསོ་བའི་སྨན་ཁང་། དེ་ལས་ སློབ་གྲྭ་ཚུ་སྟབས་བདེ་བའི་ས་གོ་ཚུ་ནང་ ལངམ་སྦེ་གཞི་བཙུགས་འབད་དེ་ཡོད།

སྤྱི་ལོ་ ༢༠༡༥ ལོའི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཞིབ་འཇུག་སྙན་ཞུ་དང་འཁྲིལཝ་ད་ སྤུ་ན་ཁ་རྫོང་ཁག་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཚད་གཞི་ ༠.༧༥༨ ཐོབ་སྟེ་ དབྱེ་ཁག་འབྲིང་ནང་ཚུདཔ་ཨིན། རྫོང་ཁག་འདི་ནང་ གློག་མེ་དང་འགྲུལ་འཕྲིན་གྱི་ཁྱབ་ཚད་ བརྒྱ་ཆ་ ༡༠༠% ཡོདཔ་དང་། མི་སེར་ཚུ་གིས་ དངུལ་གཏོང་ལེན་གྱི་ཞབས་ཏོག་དང་ སྐྱིན་འགྲུལ་གྱི་ཞབས་ཏོག་ལེན་ནིའི་དོན་ལུ་ རྒེད་འོག་ཆ་མཉམ་ནང་ མི་སྡེ་ལྟེ་བ་ཚུ་གཞི་བཙུགས་འབད་དེ་ཡོད།