ཆུ་སྦུག

ཆུ་སྦུག་རྒེད་འོག་འདི་ སྤུ་ན་ཁ་རྫོང་ཁག་གི་རྒེད་འོག་སྦོམ་ཤོས་ཅིག་ཨིནམ་དང་། ས་ཆ་ཁྱབ་ཚད་ཀྱི་སབ་ཁྲ་ལས་འགུལ་ ༢༠༡༠ ཅན་མ་དང་འཁྲིལ་བ་ཅིན་ ས་ཆའི་རྒྱ་ཚད་འདི་ ཀི་ལོ་མི་ཊར་ ༩༡.༣ ཡོདཔ་ཨིན། རྒེད་འོག་འདི་ནང་ ཁྱིམ་གུང་ ༣༥༠ ཡོདཔ་དང་ རྒྱལ་ཡོངས་ཁྱིམ་དང་མི་རློབས་ཀྱི་གྲངས་རྩིས་ ༢༠༠༥ ཅན་མ་དང་འཁྲིལཝ་ད་ གཏན་འཇགས་ཁྱིམ་གུང་གི་མི་རློབས་ ༡༡༩༡ ཡོད། རྒེད་འོག་འདི་ནང་ སྤྱི་འོག་ལྔ་དང་ཚོགས་པ་ལྔ་ཡོད། ཆུ་སྦུག་རྒེདའོག་འདི་ ཕོ་ཆུ་དང་མོ་ཆུ་གཉིས་ཀྱི་བར་ན་ཆགས་ཏེ་ཡོདཔ་ལས་ ཞིང་ས་ཡང་ ཚད་ཅིག་ལས་བརྒལ་མེདཔ་ཨིན།

རྒེད་འོག་འདི་ནང་ གྲོང་གསེབ་སྨན་ཁང་གསུམ་ཡོདཔ་དང་ འདི་ཚུ་གིས་ མཐའ་ཟུར་གྱི་གཡུས་ཚན་ཚུ་ནང་ལུ་ གཞི་རྟེན་གསོ་བའི་ཞབས་ཏོག་ཚུ་སྤྲོདཔ་ཨིན། རྒེད་འོག་འདི་གི་གཡུས་ཚན་ལ་ལུ་ཅིག་ དཀར་སྦིས་ས་དང་། གུ་མ། སྟོད་ཝང་རྒེད་འོག་ཚུ་གི་ཉེ་འདབས་ལུ་ཡོདཔ་ལས་ མི་སེར་ཚུ་གིས་ གསོ་བ་དང་གཞན་ཞབས་ཏོག་ཚུ་ དེ་ཁ་ལས་ལེནམ་ཨིན། ཁོང་རའི་གཡུས་ཁ་གི་ཐོན་སྐྱེད་ཚུ་ཡང་ ཉེ་འདབས་ཀྱི་རྒེད་འོག་དེ་ཚུ་ནང་ལུ་ ཚོང་འབྲེལ་འཐབ་ཨིན།

ཆུ་སྦུག་རྒེད་འོག་འདི་ནང་ རྒྱ་སྐྱེད་སློབ་ཁང་གཅིག་དང་སློབ་གྲྭ་ཆུང་བ་གཅིག་ཡོདཔ་ལས་ ཨ་ལུ་ཚུ་གིས་ ཆུ་གཉིས་བརྒལ་ཏེ་འགྱོ་མ་དགོ་པར་ དེ་ནང་ར་དཔེ་ཆ་བལྟ་ཚུགསཔ་ཨིན། ཁྱིམ་གུང་བརྒྱ་ཆ་ ༩༩ དེ་ཅིག་ལུ་ འཐུང་ཆུ་གཙང་ཏོག་ཏོ་ཐོབ་ཡོདཔ་དང་ སྤྲིང་ཟམ་ཡང་གསུམ་ཡོད། རྒེད་འོག་དེ་ནང་ ལྷ་ཁང་བསྡོམས་ བཅུ་གཅིག་ཡོདཔ་ཨིན།