དགོན་ཤ་རི་རྒེད་འོག་འདི་ མགར་ས་རྫོང་ཁག་གི་ལྷོ་ཁ་ཐུག་ལུ་ཆགས་ཏེ་ཡོད། ས་ཆ་ཁྱབ་ཚད་ཀྱི་སབ་ཁྲ་ལས་འགུལ་ ༢༠༡༠ ཅན་མ་དང་འཁྲིལ་ སའི་རྒྱ་ཚད་ཀི་ལོ་མི་ཊར་གྲུ་བཞི་ ༨༨.༤ ལྷགཔ་ཅིག་ཡོད། རྒེད་འོག་འདི་ནང་ ཁྱིམ་གུང་ ༡༢༩ དང་ ད་ལྟོ་མི་རློབས་ ༦༢༢ ཡོད། རྒེད་འོག་འདི་ནང་སྤྱི་འོག་ལྔ་ཡོད། རྒེད་འོག་འདི་ ས་ཁ་དམའ་སའི་གནམ་གཤིས་ཅིག་འབདཝ་ལས་ གནམ་དགུན་ལུ་གྱང་བའི་ཁར་ གནམ་བྱཱར་ལུ་དྲོ་ཏོག་ཏོ་དང་ རློན་གཤེར་སྦེ་སྡོདཔ་ཨིན། རྒེད་འོག་འདི་ནང་ ལོ་བསྟར་ཆརཔ་གི་ཚད་གཞི་ མི་ལི་མི་ཊར་ ༥༠༠ ལས་ ༡༥༠༠ ཚུན་ཡོདཔ་དང་། དྲོད་ཤུགས་དམའ་ཤོས་ ༤ °C ལས་མཐོ་ཤོས་ ༣༠ °C ཚུན་ཡོདཔ་ཨིན། རྒེད་འོག་གི་ས་ཆ་རྒྱ་ཆ་ ༩༠ དེ་ཅིག་ནགས་ཚལ་གྱི་ཁྱབ་ཏེ་ཡོདཔ་ཨིན།
དགོན་ཤ་རི་འདི་ནང་ བརྒྱ་ཆ་ ༩༠ % དེ་ཅིག་ ནགས་ཚལ་གྱིས་ཁྱབ་སྟེ་ཡོད། བརྒྱ་ཆ་ ༧༠ % འདབ་མ་སྦོམ་ཡོད་པའི་ནགས་ཚལ་དང་ བརྒྱ་ཆ་ ༢༠ % ཀོང་ཤིང་ཡོད་པའི་ནགས་ཚལ་གྱིས་ཁྱབ་སྟེ་ཡོད། ས་ཆ་བརྒྱ་ཆ་ ༥% དེ་ཅིག་ ཞིང་ལཱ་འབད་བཏུབ་མི་དང་་ གཞན་གནས་ཚལ་དང་རང་བཞིན་གྱི་རྩྭ་འབྲོག་ཨིན། རྒེད་འོག་འདི་ནང་ ཤིང་སྣ་དང་སྲོག་ཆགས་ཀྱི་རིགས་ལེ་ཤ་ཡོདཔ་དང་ རྒེད་འོག་འདི་ འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་གླིང་ག་ནང་ཚུདཔ་ཨིན།
རྒེད་འོག་གཞན་ཚུ་དང་ཕྱདཔ་ད་ རྒེད་འོག་འདི་ནང་ ཁྱིམ་གུང་ཉུང་ཤོས་ཡོདཔ་དང་ ནང་འཁོད་ཀྱི་སྒོ་ནོར་སེམས་ཅན་དང་ སྒོ་ནོར་ལས་ཁུངས་ཀྱིས་བཀྲམ་སྤེལ་འབད་མི་ རིགས་བསྲེ་བའི་སེམས་ཅན་ ཇར་སི་དང་བ་མེན། བྱ་དང་ཕགཔ་ཚུ་ཡང་ སླ་བསྲེ་སྦེ་གསོཝ་ཨིན།
སྤུ་ན་དང་མགར་ས་གི་གཞུང་ལམ་འདི་ རྒེད་འོག་འདི་ནང་ལས་བརྒྱུད་དེ་ཡོད་རུང་ གུམ་སྒང་དང་དགོན་ཚེ་ཕུག། རིག་མཚོ་དགོན་པ། སྣང་གསལ་དགོན་པ། ཡོར་བུ། བ་ལ་ན།་ ཀོ་མ་ཚ་ཆུ་གི་གཡུས་ཚན་ཚུ་ སྣུམ་འཁོར་ལམ་ལས་ དུས་ཡུན་ཆུ་ཚོད་ ༢ ལྷགཔ་ཅིག་ རྐང་ཐང་སྦེ་འགྱོ་དགོ་པའི་ས་ཁར་ཡོདཔ་ཨིན། རྒེད་འོག་འདི་ནང་ སྤྲིང་ཟམ་གཉིས་ཡོདཔ་ཨིན། རྒེད་འོག་འདི་ནང་ སློབ་གྲྭ་ཆུང་བ་གཅིག་དང་ གཞི་རྟེན་གསོ་བའི་སྨན་ཁང་གཅིག། གྲོང་གསེབ་སྨན་ཁང་གཅིག། རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ་གཅིག། སྤྱི་དོན་ཁང་གཅིག། མི་སྡེ་ལྟེ་བ་གཅིག་ཡོདཔ་དང་ ཁྱིམ་གུང་ཆ་མཉམ་ནང་ ཉེན་སྲུང་ཅན་གྱི་འཐུང་ཆུ་བཏོན་ཡོདཔ་ཨིན། དེ་ལས་ རྒེད་འོག་འདི་ནང་ རྐང་ཚིགས་དང་ལག་ཚིགས་ན་མི་ལུ་ཕན་པའི་ ཚ་ཆུ་གཅིག་ཡོདཔ་ཨིན།