འཛོམས་མི་རྒེད་འོག་འདི་ ཤལ་ལྔ་ན་དང་གླིང་མུ་ཁ་རྒེད་འོག་གཉིས་ཀྱི་བར་ན་ རྒྱ་མཚོའི་མཐའ་མ་ལས་མི་ཊར་ ༡༢༠༠ ལས་ ༢༤༠༠ གི་བར་ན་ཆགས་སྟེ་ཡོད། ས་ཆ་ཁྱབ་ཚད་ཀྱི་སབ་ཁྲ་ལས་འགུལ་ ༢༠༡༠ ཅན་མ་དང་འཁྲིལ་ སའི་རྒྱ་ཚད་ཀི་ལོ་མི་ཊར་གྲུ་བཞི་ ༢༡.༩༢ ཡོདཔ་ཨིན། རྒེད་འོག་འདི་ནང་ ཁྱིམ་གུང་ ༢༥༧ དང་ ད་ལྟོ་མི་རློབས་ ༡༣༥༠ དེ་ཅིག་ཡོདཔ་ཨིན། རྒེད་འོག་འདི་ནང ་སྤྱི་འོག་ལྔ་དང་ཚོགས་པ་ལྔ་ཡོད།
རྒེད་འོག་འདི་ནང་ གཞི་རྟེན་ཤེས་ཡོན་ལྟེ་བ་གཅིག་དང་ རྒྱ་སྐྱེད་སློབ་ཁང་གཅིག། སློབ་གྲྭ་ཆུང་བ་གཅིག། འབྲིང་རིམ་སློབ་གྲྭ་བར་མ་གཅིག་ཡོད། རྒེད་འོག་འདི་ནང་ སྣུམ་འཁོར་ལམ་གྱི་མཐུད་སྦྲེལ་ཡོད་པའི་ཁར་ ཁུ་རུ་ཐང་ཁྲོམ་གྱི་ཉེ་འདབས་ལུ་འབདཝ་ལས་ རྒེད་འོག་དེ་གི་མི་སེར་ཚུ་གིས་ ཁོང་རའི་སོ་ནམ་དང་སྒོ་ནོར་གྱི་ཐོན་སྐྱེད་ཚུ་ འཇམ་ཏོང་ཏོ་སྦེ་ཚོང་འབྲེལ་འཐབ་ཚུགསཔ་ཨིན། ཨིན་རུང་ རྒེད་འོག་གཞན་དང་ཕྱདཔ་ད་རྒེད་འོག་འདི་ནང་ གནས་ཚལ་ཀྱི་ཁྱབ་ཚད་ཉུང་སུ་ཅིག་ཡོདཔ་ལས་ རྒེད་འོག་གི་མི་སེར་ཚུ་ལུ་ ཁྱིམ་རྐྱབ་ནི་ཤིང་ཆ་དང་ ཐབ་ཤིང་གི་དཀའ་ངལ་ཡོདཔ་ཨིན། རྒེད་འོག་འདི་ནང་ རེད་དང་ཀར། པད་ཀར། ཚོད་བསྲེ་གི་ཐོན་ཤུགས་སྦོམ་སྦེ་ཡོདཔ་ཨིན།
འཛོམས་མི་རྒེད་འོག་གི་མི་སེར་ཚུ་གིས་ ནང་འཁོད་ཀྱི་སྒོ་ནོར་སེམས་ཅན་དང་ སྒོ་ནོར་ལས་ཁུངས་ཀྱིས་བཀྲམ་སྤེལ་འབད་མི་ ཐོན་ཤུགས་ཆེ་བའི་སྒོ་ནོར་གྱི་རིགས་ ཇར་སི་དང་བ་མེན། བྱ་དང་ཕགཔ་ཚུ་ སླ་བསྲེ་སྦེ་གསོ་སྐྱོང་འབདཝ་ཨིན། སྒོ་ནོར་ལས་ཚན་གྱི་ཞབས་ཏོག་ཚུ་ སྤུ་ན་ཁ་ལུ་ཡོད་པའི་སྒོ་ནོར་སྨན་ཁང་གིས་བྱིན་དོ་ཡོདཔ་ཨིན། རྒེད་འོག་འདི་ནང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ་གཅིག་ཡོདཔ་དང་ ཁྱིམ་གུང་བརྒྱ་ཆ་ ༩༣% ལུ་ ཉེན་སྲུང་ཅན་གྱི་འཐུང་ཆུ་བཏོན་ཏེ་ཡོད། རྒེད་འོག་འདི་ནང་ ལྷ་ཁང་བསྡོམས་བཞི་ཡོད།