སྟོད་སྦི་ས་རྒེད་འོག་འདི་ སྤྱི་ལོ་ ༢༠༠༨ སྤྱི་ཟླ་ ༡ པའི་སྤྱི་ཚེས་ ༡༥ ལུ་ སྤུ་ན་ཁ་རྫོང་ཁག་འོག་ལུ་མ་བསྡབས་པའི་ཧེ་མ་ ཐིམ་ཕུག་རྫོང་ཁག་གི་འོག་ལུ་ཨིན་མས། རྒེད་འོག་འདི་ནང་ ཁྱིམ་གུང་ ༢༨༥ དང་ མི་རློབས་ ༡༣༦༣ ཡོད། ས་ཆ་ཁྱབ་ཚད་ཀྱི་སབ་ཁྲ་ལས་འགུལ་ ༢༠༡༠ ཅན་མ་དང་འཁྲིལཝ་ད་ རྒེད་འོག་གི་ས་ཆ་རྒྱ་ཚད་བསྡོམས་ ཀི་ལོ་མི་ཊར་གྲུ་བཞི་ ༡༠༢.༨ གྱི་རྩིས་དང་། རྒྱ་མཚོའི་མཐའ་མ་ལས་མཐོ་ཚད་མི་ཊར་ ༡༧༠༩ ལས་ ༣༢༠༠ གྱི་བར་ན་ཡོད།
རྒེད་འོག་དེ་ཁ་ལས་ ཤར་ནུབ་ཀྱི་གཞུང་ལམ་ཕོག་སྟེ་ཡོདཔ་ལས་ མི་སེར་ཚུ་གིས་ ཁོང་རའི་ཐོན་སྐྱེད་ཚུ་ འཇམ་ཏོག་ཏོ་སྦེ་བཙོང་ཚུགས་པའི་ཁར་ དེ་གི་དོན་ལུ་ གཞུང་ལམ་བདའ་སྟེ་ ཚོང་བཙོང་སའི་ཁྱིམ་དག་པ་ཅིག་བཟོ་སྟེ་ཡོད། རྒེད་འོག་འདི་ ས་ཁ་དམའ་སའི་ལུང་ཕྱོགས་ནང་ཚུདཔ་ལས་ བརཔ་རྒེད་འོག་ཚུ་ གནམ་བྱཱར་ལུ་རློན་གཤེར་ཅན་དང་དྲོད་ཚ་དྲགས་ གནམ་དགུན་ལུ་གྱངམ་ཨིན། སྟོད་སྦི་ས་རྒེད་འོག་གི་མཐའ་ཟུར་གཡུས་ཚན་ཚུ་ཡང་ བོད་སྒར་ན། བོདམ་སི་སི། བྲག་དཀར་པོ། རྟ་ཧོ་སྒང་ཚུ་ཨིན་མས། རང་བཞིན་སླར་འབྱུང་ཐོན་སྐྱེད་དང་གསོ་བའི་གཅེས་སྐྱོང་ཞབས་ཏོག་ཚུ་ ཕན་ནུས་ཅན་སྦེ་བྱིན་ཚུགས་ནིའི་དོན་ལུ་ འདི་ནང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ་གཅིག་དང་། གཞི་རྟེན་གསོ་བའི་སྨན་ཁང་གཅིག། གྲོང་གསེབ་སྨན་ཁང་གཅིག་ཡོད། ཁྱིམ་གུང་ག་རའི་ནང་ གློག་མེ་མཐུད་སྦྲེལ་ཡོདཔ་དང་ ཁྱིམ་གུང་བརྒྱ་ཆ་ ༩༦ དེ་ཅིག་ལུ་ ཉེན་སྲུང་ལྡན་པའི་འཐུང་ཆུ་བཀྲམ་སྤེལ་འབད་དེ་ཡོད། རྒེད་འོག་ནང་ལྷ་ཁང་༡༣ ཡོད།