ཞབས་དྲུང་སྐུ་མཆོད་དང་འབྲེལ་ གཞུང་གྲྭ་ཚང་དབུ་བརྙེས་ཏེ་ མི་ལོ་ ༤༠༠ འཁོར་བའི་དུས་སྟོན་བརྩི་སྲུང་།

11 May 2022

ཞབས་དྲུང་སྐུ་མཆོད་དང་འབྲེལ་ གཞུང་གྲྭ་ཚང་དབུ་བརྙེས་ཏེ་ མི་ལོ་ ༤༠༠ འཁོར་བའི་དུས་སྟོན་བརྩི་སྲུང་ཞུ་ནིའི་དོན་ལུ་ འབྲུག་རྒྱལ་པོ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་དབུ་གཙོས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ སྐུ་འཁོར་ལྷག་རྒྱས་ཀྱིས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ སྐུ་དངོས་སྦེ་ཞབས་ཀྱིས་བཅགས་གནང་ཡི། ཞབས་དྲུང་རིན་པོ་ཆེ་གི་ མཐོང་གྲོལ་འདི་ཡང་མཇལ་ཁ་གནང་ཡོདཔ་མ་ཚད་ དད་ལྡན་མི་སེར་ཡོངས་ལུ་ འབྲུག་པའི་ནང་རྟེན་གཙོ་བོ་ རང་འབྱུང་ཁ་ཙ་པ་ཎེ་ཡང་ མཇལ་ཁ་གནང་ཡོདཔ་ཨིན།

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ རིགས་གཅིག་མཁས་པའི་མཆོག་འཛིན་གྱི་ སློབ་ཕྲུག་ཤོ་ཐེངས་དང་པ་ལུ་ ལག་ཁྱེར་གནང་ཡོདཔ་མ་ཚད་ སློབ་ཕྲུག་ཤོ་ཐེངས་གཉིས་པ་ཚུ་ལུ་ཡང་ བཀྲ་ཤིས་ལེགས་དར་གནང་ཡོདཔ་ཨིན།

ལྷག་པར་དུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ རྫོང་ཁག་ ༡༨ ཀྱི་རབ་སྡེ་ཁག་གི་ ཡོངས་འབྲེལ་ཁ་བྱང་འདི་ གསར་བཏོན་མཛད་གནངམ་དང་གཅིག་ཁར་ ༼ལྷོ་འབྲུག་བསྟན་པའི་མཛེས་རྒྱན་རྣམས།༽ཟེར་བའི་ལས་འགུལ་འདི་ཡང་ འགོ་འབྱེད་རྟེན་འབྲེལ་བརྩི་གནང་ཡི། ལས་འགུལ་འདི་ཡང་ གཞུང་གྲྭ་ཚང་གཞི་བཙུགས་འབད་དེ་ མི་ལོ་ ༤༠༠་འཁོར་བའི་དུས་སྟོན་བརྩི་སྲུང་གི་དོན་ལུ་ དམིགས་བསལ་གྱི་ལས་འགུལ་ཅིག་ཨིནམ་མ་ཚད་ འབྲུག་གི་བླ་ན་མེད་པའི་བླ་སློབ་ཡོངས་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ འགོ་འབྱེད་མཛད་གནང་ཡི།

Source: Zhung Dratshang གཞུང་གྲྭ་ཚང་། Central Monastic Body of Bhutan