ཁྱི་མེད་ལྷ་ཁང་འདི་ འབྲུག་གི་སྤུ་ན་ཁ་རྫོང་ཁག་འོག་གི་ས་གནས་ ལོས་སྦི་ས་གི་ཉེ་འདབས་ལུ་ སྒང་ཏོ་ཅིག་གུ་ཆགས་ཏེ་ཡོད། ལྷ་ཁང་འདི་ འབྲུག་པ་བཀའ་བརྒྱུད་ཆོས་ལུགས་ཀྱི་བརྒྱུད་པ་ ༡༤ པ་ བླམ་ངག་དབང་ཆོས་རྒྱལ་གྱིས་ སྤྱི་ལོ་ ༡༤༩༩ ལུ་བཞེངས་གནང་ནུག། ས་གནས་དེ་ཁར་ ཧེ་མ་བླམ་འབྲུག་པ་ཀུན་ལེགས་(༡༤༥༥-༡༥༢༩) ཀྱིས་བྱིན་གྱིས་བརླབས་ཏེ་ མཆོད་རྟེན་ཅིག་ཡང་བཞེངས་གནང་ཡོདཔ་ཨིན་མས།
ས་གནས་འདི་བཅགས་པའི་སྐབས་ བླམ་འབྲུག་པ་ཀུན་ལེགས་ཀྱིས་ ཁོ་རའི་ཡེ་ཤེས་པའི་རྡོ་རྗེ་གིས་ རྡོ་སྐྱོང་ལ་གི་བདུདམོ་ དམ་ལུ་བཏགས་ཏེ་ ད་ལྟོ་མཆོད་རྟེན་ཡོད་སའི་ཉེ་འདབས་ལུ་ རྡོ་ཕུ་ཅིག་ནང་བསྟིམས་བཞག་པའི་ལོ་རྒྱུས་འདུག། ལྷ་ཁང་འདི་ནང་ བླམ་འབྲུག་པ་ཀུན་ལེགས་ཀྱིས་བོད་ལས་བསྣམས་བྱོན་མི་ ཤིང་གིས་བཟོ་བའི་ཕོ་མཚན་བཞག་སའི་གནས་ཅིག་ཨིན། ཤིང་གི་ཕོ་མཚན་འདི་ དངུལ་གྱི་གཡུ་པ་གིས་བརྒྱན་ཏེ་ཡོདཔ་དང་ དེ་ཡང་ལྷ་ཁང་མཇལ་བར་འོང་མི་ཚུ་དང་ དམིགས་གསལ་དུ་ ཨམ་སྲུ་ཚུ་ཨ་ལུའི་དངོས་གྲུབ་ཞུ་བ་འོངམ་ད་ དབང་གནངམ་ཨིན་མས། ལྷ་ཁང་མཇལ་བར་འོང་མི་ཚུ་ལུ་ ལྷ་ཁང་མཇལ་བའི་སྐབས་ ཨིནཅི་ ༡༠ འབད་མི་ ཤིང་གི་ཕོ་མཚན་འདི་ལས་ དབང་ཞུ་ནི་འདི་སྔར་སྲོལ་ཁག་ཆེ་ཏོག་ཏོ་ཅིག་ཨིན།
ལྷ་ཁང་འདི་ སྤུ་ན་ཁ་ལས་ ཀི་ལོ་མི་ཊར་ ༡༠ གི་ས་ཁར་ སོབ་སོ་ཁ་ཟེར་བའི་གཡུས་ཀྱི་ཉེ་འདབས་ལུ་ཆགས་ཡོདཔ་དང་། སྣུམ་འཁོར་ལམ་ལས་ སྐར་མ་ ༢༠ དེ་ཅིག་ པད་ཀར་དང་བྱཱ་ཞིང་མཐའམ་བདའ་སྟེ་ཡོད་པའི་ འདམ་པ་དང་ཐལ་བའི་ལམ་ཁ་ལས་འགྱོཝ་ད་ ལྷ་ཁང་དང་མཆོད་རྟེན་ཡོད་སའི་སྒང་ཏོ་ཁར་ལྷོདཔ་ཨིན། གཡུར་བ་ཁ་གཡུས་ཚན་ལས་ཡང་ལྷ་ཁང་ནང་འགྱོ་སའི་ལམ་ཡོདཔ་དང་ ལམ་བདའ་སྟེ་ དར་ཤིང་འཕྱར་ཡོདཔ་དང་ལམ་གྱི་ཟུར་བདའ་སྟེ་ཆུ་གཡུར་ཡོདཔ་ཨིན། གཡུས་ཚན་དེ་ནང་གི་ཁྱིམ་ག་རའི་གྱང་གུར་ ཕོ་མཚན་གྱི་པར་རིས་ཚུ་བྲིས་ཏེ་ཡོདཔ་དང་། བླ་མ་འབྲུག་པ་ཀུན་ལེགས་ཀྱིས་ ད་ལྟོ་ལྷ་ཁང་ཡོད་སའི་སྒང་ཏོ་འདི་ དབྱིབས་རྒྱུ་རིལ་རི་སྦེ་ཡོདཔ་ལས་ ཨམ་སྲུའི་ནུ་མ་ཟེར་བཏགས་གནང་ནུག།